Tuesday 16 December 2014

རྗེས་དྲན་བགྲོ་གླེང་ཚོགས་འདུ།

ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ གཉིས་ཀྱིས་བཀོད་སྒྲིག་བྱས་པའི་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་རྗེས་དྲན་བགྲོ་ གླེང་ཚོགས་འདུ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་པ་དང་། ཤེས་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་པེན་བོད་ཀི་ རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་འོད་ཟེར་ལགས་ཀྱིས་ཚོགས་ཞུགས་པ་ཚང་མར་ འཚམས་འདྲི་ཞུས་ཐོག་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གི་སྐུ་མྱ་ངན་དུ་འདས་པ་ལ་ ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས་མྱ་ངན་ངག་བཅད་སྐར་མ་གཅིག་རིང་བྱས་པ་དང་།
    པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ལགས་ཀྱིས་ད་ལན་གྱི་བགྲོ་ གླེང་ཚོགས་འདུ་འདི་འཚོགས་དགོས་དམིགས་ནི་འདས་པོ་གང་ཉིད་ཀྱིས་བོད་ཀྱི་ཤེས་ཡོན་སྲིད་ཇུས་དང་སློབ་གསོ། ལོ་ཙ་སོགས་ལ་བྱས་རྗེས་བླ་ན་མེད་པ་བཞག་གནང་ཡོད་མཁན་ཞིག་ཡིན་པ་མ་ཟད་། ཁོང་ནི་ངེས་པ་དོན་གྱིས་མི་རིགས་དང་རིག་གཞུང་ལ་འགན་འཁུར་མཁན་ཞིག་ཡིན་ཙང་། བོད་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གཉིས་ནས་ཁོང་གི་བྱས་ རྗེས་སྐོར་བགྲོ་གླེང་ལྷུག་བརྗོད་ཀྱིས་ང་ཚོའི་སྤྱི་ཚོགས་སུ་ཁོང་ལ་སློབ་ སྦྱོང་དང་ཤེས་རྟོག་ཡོང་ཆེད་ཡིན་ཞེས་འགྲེལ་བརྗོད་གནང་།
       དེ་རྗེས་ཐེ་ཝན་དོན་གཅོད་དྲུང་ཆེ་ཟུར་བ་བསོད་ནམས་རྡོ་རྗེ་ལགས་ཀྱིས་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་ནས་གསུང་དོན། ཁོང་དང་ཞིང་གཤེགས་དམ་པ་གཉིས་གྲོང་པ་གཅིག་པ་དང་། ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱེད་ ཀྱིན་པའི་སྐབས་སུ། བཀྲ་ཤིས་ཚེ་རིང་ལགས་སློབ་ཆེན་དེའི་རྒྱ་ཡིག་སྡེ་ཚན་གྱི་དབྱིན་ཡིག་དགེ་རྒན་ རེད། ཁོང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ལྷག་པར་དུ་དབྱིན་ཡིག་མཁས་པ་ཡིན་སྟབས། མི་ཚང་མས་ཁོང་ལ་དཔལ་འབྱོར་ཡག་པོ་ཡོད་པ་རེད་བསམ་གྱིན་ཡོད་ཀྱང་། ཁོང་གི་སྐུ་ཟླ་ཨ་ཅག་སངས་རྒྱས་ལགས་ཀྱིས་ལྷ་སའི་ནང་ཆང་བཙོང་སྟེ་ཡོང་སྒོ་འཚོལ་ གྱིན་ཡོད་པས་མི་རྣམས་ལ་མཐོང་སྣང་མི་ལེགས་པ་ཡོང་ཡོད་ཀྱང་། ཕྱིས་སུ་ཁོང་གིས་བརྩམས་པའི་ངའི་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་དཔེ་དེབ་ འགྲེམས་སྤེལ་གནང་རྗེས། ཁོང་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་ཁོང་གི་སྐུ་ཟླས་ཆང་བཙོང་བའི་དངུལ་རྣམས་ཀྱང་བོད་ཀྱི་ཤེས་ཡོན་སློབ་གསོའི་ཆེད་གཏོང་གིན་ཡོད་པའི་གནས་ཚུལ་ར་འཕྲོད་ བྱུང་ཡོད།
       ཁོང་གིས་ངའི་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་དེབ་ཀྱི་སྐོར་ནས་གསུངས་དོན།  སྤྱིར་བཏང་དེབ་དེའི་མ་རྩོམ་དབྱིན་ཇི་རེད། རྗེས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་རྒྱ་ཡིག་སྟེང་བསྒྱུར་བ་རེད། དེའི་ནང་ལ་མང་བོ་ཞིག་བསྒྱུར་མི་འདུག་པ་མ་ཟད་ཚིག་མང་དག་ཅིག་ཕྱིར་འཐེན་གྱིས་ ཁྱོན་ནས་བཀོད་མི་འདུག་གསུངས་བ་དང་། དེ་རྗེས་ཧོང་ཀོང་ནས་པར་སྐྲུན་བྱས་འདུག་ཟེར་བ་དེ་ཆ་ཚང་རབས་ཐོས་ཞེས་དང་། བསོད་ནམས་རྡོ་རྗེ་ཁོང་གི་གྲོགས་པོ་ཆུང་ཚེ་རིང་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ བ་དེ་མ་རྩོམ་དབྱིན་ཡིག་དུ་གང་ཡོད་པ་དེ་ཡིན་གསུང་གི་འདུག་ཅེས་འགྲེལ་བརྗོད་ གནངས་སོང་ལ། གཞན་ད་དུང་བོད་ནང་དུ་པར་བསྐྲུན་བྱས་འདུག་པ་དེའི་ནང་དོན་གི་ཆ་ལ་ཅུང་བཟོ་ བཅོས་དང་སྣོན་པ་བྱས་འདུག་ཅེས་འགྲེལ་བརྗོད་གནངས་སོང་།
ཤེས་རིག་རྩོམ་སྒྲིག་འགན་འཛིན་མཁས་དབང་ཀརྨ་སྨོན་ལམ་མཆོག་ནས་མཁས་དབང་བཀྲ་ཤིས་ ཚེ་རིང་མཆོག་གི་ཚིག་མཛོད་རྩོམ་སྒྲིག་དང་སྐད་ཡིག་སྲུང་སྤེལ་ཐད་ཀྱི་མཛད་རྗེས་ སྐོར་ནས་གསུང་བཤད་གནང་དོན། ཁོང་གི་བརྩམས་སྒྲིག་གནང་བའི་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་དེ་ཕྱི་ལོ་ ༡༩༨༨ལོར་པར་ཐེངས་དང་བོ་དཔར་བ་ཡིན་པས་ཅུང་སྔ་བོ་ཡིན་པ་དང་གསར་སློབ་པ་དག་ལ་ཧ་ ཅང་ཕན་པའི་ལག་ཆ་ལེགས་པོ་ཞིག་ཏུ་གྱུར་བ་རེད། ཡིན་ན་ཡང་། གཅིག་ནས་མཐུན་རྐྱེན་མ་ཚང་བ་ཡིན་པ་ཡིན་ནམ། ཡང་ན་ཁོང་གི་དགོངས་ཚུལ་ངེས་ཅན་ཞིག་བཟུང་ནས་བསྒྲིགས་པ་ཡིན་པ་རེད་བསམ་གྱི་ ཡོད་ཚུལ་དང་། ཉེ་ཆར་ས་རཱ་ནས་པར་བསྐྲུན་བྱས་པ་དེར་འདས་པོ་བཀྲ་ཤིས་ཚེ་རིང་མཆོག་ལ་དང་བོར་ བཀའ་ཁྲོལ་དང་ཐ་མར་སྤྱན་འབུལ་ཞུ་མ་ཐུབ་པ་དེ་འདྲ་ཨེ་ཡིན་ནམ་སྙམ། རྒྱུ་མཚན་སྐད་གསུམ་ཚིག་མཛོད་གསར་བ་ཅེས་པ་དེའི་ནང་དུ་བརྗོད་པ་མང་དག་ཅིག་ནོར་ འཁྲུལ་ཤོར་འདུག་པས་ཁོང་གིས་བསམ་ན་ལག་རྗེས་རྐང་པས་གསུབ་པ་མིན་ནམ་སྙམ་ཞེས་ འགྲེལ་བརྗོད་གནང་སོང་།
       སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གི་བོད་ཀྱི་ཤེས་ཡོན་སློབ་གསོའི་མཛད་རྗེས་དང་འབྲེལ་བའི་བཀའ་ སློབ་གནང་དོན། སྤྱིར་ན་ང་ཁོང་ལ་ཆ་རྒྱུས་དེ་ཙམ་མེད། ཡིན་ནའང་། ཉེ་ཆར་དྲ་ཐོག་ནས་ཞིང་གཤེགས་དམ་པ་ཁོང་གི་སྐོར་ གངས་རིའི་འདབས་ཀྱི་སྣང་གསལ་སྒྲོན་མེ་ཞེས་པའི་བརྙན་ཐུང་ཞིག་ལ་བལྟས་པ་ཡིན། དེར་ཁོང་གི་ལོ་རྒྱུས་ཉིང་བསྡུས་ཤིག་འདུག དེའི་ནང་ཁོང་གིས་སློབ་གྲྭ་༧༧བཙུགས་པ་དང་འཛིན་སྐྱོང་། འགྲོ་གྲོན་ཚང་མ་ཁོང་གིས་གནང་བའི་ལོ་རྒྱུས་ཆ་ཚང་འདུག སློབ་གྲྭ་དེ་ཚོར་བལྟས་ཡོང་སྐབས་གྲོང་གསེབ་ཀྱི་སློབ་གྲྭ་ལྟ་བུ་རེད་མི་འདུག ཁང་པ་སོགས་མཐུན་རྐྱེན་གང་ཐད་ནས་དངོས་གནས་སློབ་གྲྭ་ཚད་ལྡན་བརྒྱབ་འདུག ང་ཚོས་དངོས་གནས་མིག་དཔེར་ལྟ་འོས་པ་ཞིག་རེད་གསུངས་པ་དང་། ཡང་ཁོང་གིས་བཙན་བྱོལ་བོད་མིའི་ངོ་བོ་སྟོན་ཐབས་དང་ཆིག་སྒྲིལ་གྱི་ནུས་པ་འདོན་ ཐུབ་པ་ལ་རིགས་བཞི་འདྲ་ཞིག་འདུག ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་ཀྱི་ནང་ཆོས་དང་སྐད་ཡིག་བཅས་རེད། དེའི་ནང་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་བཙན་བྱོལ་དུ་ ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་ནང་ཆོས་བོད་ཕྱི་ནང་གཉིས་སུ་ཡོད་པ་རེད། ཡིན་ནའང་། བོད་ནང་ལ་ཡོད་པའི་ནང་ཆོས་དང་སྐད་ཡིག་གཉིས་ཀྱི་ཐོག་རྒྱ་ནག་གཞུང་གིས་རྡུང་ རྡེག་གཏོང་གི་འདུག ཁོ་ཚོས་བོད་རྒྱ་ཡུལ་དུ་བསྒྱུར་ཐབས་དང་བོད་མི་རིགས་འདི་རྒྱ་རིགས་ལ་བསྒྱུར་རྒྱུ། བོད་ཀྱི་རིག་གནས་དེ་རྒྱ་མི་རིགས་ཀྱི་རིག་གནས་ནང་གཞུག་རྒྱུའི་དམིགས་ཡུལ་བཟུང་འདུག དེར་བརྟེན་རྒྱ་གཞུང་གི་དབང་བསྒྱུར་འོག་བོད་ནང་རང་དབང་མེད་ན་ཡང་མཁས་དབང་བཀྲ་ ཤིས་ཚེ་རིང་ལྟ་བུ་ཡིས་འགན་འཁུར་དང་དུ་བླངས་ཏེ་ཧུར་ཐག་གིས་ཕྱག་ལས་དེ་འདྲ་ ཞིག་གནང་ཡོད་པ་ཡིན་པས་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ཀྱི་སྐད་ཡིག་དང་ རིག་གཞུང་གཙོ་བོར་བྱས་པའི་ཐོག་ནས་ཤེས་ཡོན་ཐོག་དོ་སྣང་བྱེད་དགོས་པ་དེ་ང་ ཚོའི་དམིགས་བསལ་གྱི་འགན་འཁུར་ཞིག་ཆགས་ཀྱི་འདུག་ཅེས་དང་། ངས་ནམ་ཡིན་ཡང་། ང་ཚོ་བོད་པའི་སྐད་ཡིག་འཐུས་ཤོར་དུ་མི་གཏང་པར་མི་ཉམས་གོང་འཕེལ་ཡོང་ཐབས་དགོས་ཀྱི་འདུག་ཟེར་ཤོད་ཀྱིན་ཡོད། རྣམ་པ་ཚོ་ཡིན་ན་དེ་འདྲར་ཐུགས་འཁུར་བཞེས་ཏེ་འདི་ འདྲའི་བགྲོ་གླེང་ཚོགས་ཀྱི་ཡོད་པ་རེད་ལ། ཚོགས་པ་གཞན་ཁ་ཤས་ཀྱིས་ཀྱང་དེ་འདྲ་གནང་གི་འདུག་པས་ཞེ་དྲག་ཡག་པོ་འདུག ང་ཚོས་འདི་འདྲ་མ་བྱས་པ་ཡིན་ན། སངས་རྒྱས་པའི་ཆོས་དེ་༧གོང་ས་མཆོག་གི་དབུས་སྐྱེས་ཆེན་དམ་པ་དང་བླ་ཆེན་མང་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་སྔར་ལྷག་དར་ཁྱབ་ འགྲོ་བཞིན་འདུག་མ་གཏོགས་མེད་པར་འགྲོ་བཞིན་མི་འདུག ཡིན་ནའང་། ད་ཅི་ཞིག་མེད་པར་འགྲོ་ཉེན་འདུག་ཟེར་ན། བོད་ཀྱི་སྐད་ཡིག་མེད་པར་འགྲོ་ཉེན་ཡོད་རེད། ཕྱི་རྒྱལ་ཁག་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཀྱང་། སོ་སོའི་སྐད་ཡིག་ཐོག་ནང་ཆོས་སྦྱོང་གིན་འདུག་མ་གཏོགས་བོད་སྐད་ཡིག་ཐོག་སྦྱོང་ གིན་མི་འདུག དེའི་ཕྱིར་བོད་ཀྱི་སྐད་ཡིག་སྦྱོང་མཁན་དེ་བོད་པ་རང་གཙོ་བོ་བྱེད་དགོས་ཀྱི་ འདུག་ཅེས་སོགས་ཀྱི་བཀའ་སློབ་གཟབ་རྒྱས་སྩལ།
       མཇུག་མཐར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ལགས་ནས་མཇུག་སྡོམ་གསུང་བཤད་ཞིབ་ཅིང་རྒྱས་པ་གནང་པ་དང་། དེར་འཛོམས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དག་གཙོས་ཚོགས་ཞུགས་པ་ཚོའི་ལྷན་དུ་དྲན་རྟེན་འདྲ་པར་བརྒྱབ་རྗེས་ཐམས་བཅད་བཀྲ་ཤིས་བདེ་ལེགས་ངང་མཇུག་གྲུབ་པའོ།།

No comments:

Post a Comment